དགེ་འདུན་པས་ཚན་རིག་སྦྱོང་།དགོས་པའི་གནད་དོན་བཅུ།

བསྟན་པ་འཛིན་སྐྱོང་སྤེལ་ཕྱིར་ཚན་རིག་སྦྱོང་།། འགྲོ་རྣམས་བདེ་ལ་འགོད་ཕྱིར་ཚན་རིག་སྦྱོང་།།
མ་རྟོགས་ལོག་རྟོག་སེལ་ཕྱིར་ཚན་རིག་སྦྱོང་།། རིག་གཞུང་གོང་དུ་སྤེལ་ཕྱིར་ཚན་རིག་སྦྱོང་།། ཕས་རྒོལ་ཀླན་ཀ་ཟློག་ཕྱིར་ཚན་རིག་སྦྱོང་།། གདུལ་བྱ་རྗེས་སུ་འཛིན་ཕྱིར་ཚན་རིག་སྦྱོང་།། དེང་རབས་མི་གྲལ་སྙེག་ཕྱིར་ཚན་རིག་སྦྱོང་།། ཚན་རྩལ་ལོག་ལམ་འགོག་ཕྱིར་ཚན་རིག་སྦྱོང་།།
ཆོས་ཚན་ཟུང་འབྲེལ་གནས་ཕྱིར་ཚན་རིག་སྦྱོང་།། ནང་རིག་སྤྱི་ནོར་སྒྱུར་ཕྱིར་ཚན་རིག་སྦྱོང་།།    
དཀར་པོ་ཆིག་ཐུབ་ནས།

 ཚན་རྩལ་ལས་བྱུང་དྲྭ་ཚིགས་འདི་བཞིན་བགྲོ་གླེང་འཕྲིན་གྱི་ཕོ་ཉར་བསྐོས།། དེ་ཡི་ངོས་ཀྱི་མེ་ལོང་རེ་ལ་དྲྭ་གྲོགས་ཀུན་གྱི་གཟུགས་རིས་ཕབ།། དྲ་བའི་རླབས་ཕྲེང་གཡོ་ཐེངས་རེ་ལ་རྨོངས་མུན་སེལ་བའི་གདོང་གྲོགས་གྱུར།། གནའ་དེང་ཤེས་བྱར་ཁ་ཐག་རིང་མོ་དེ་རིང་འདི་ནས་མཇུག་བསྡུས་སམ།། དོན་གཉེར་ཆེ་བའི་གཞོན་ནུ་དག་གིས་ཅུང་ཟད་འབྲལ་ཡང་མི་ཕོད་པ།། ཕྱོགས་དང་ཕྱོགས་མཚམས་གང་དུ་ཡོད་ཀྱང་སྐད་ཅིག་ཉིད་ལ་འབྲེལ་ལམ་གྱུར།། མདུན་ན་གནས་བཞིན་ཕན་ཚུན་འཕྲད་དེ་གནས་ལུགས་ཟབ་མོར་གཏམ་གླེང་བྱེད།། ཤོག་ཐོག་འབྲི་བའི་གཏམ་རྒྱུད་རིང་མོ་དེ་རིང་འདི་ནས་མཇུག་བསྡུས་སམ།། ཅི་འདོད་བདེ་བླག་མྱུར་དུ་སྒྲུབ་མཁས་དགོས་འདོད་ནོར་བུ་གཉིས་པ་འདིས།། མཁའ་ཐོག་མི་བཟོས་སྲུང་སྐར་བརྒྱུད་ནས་དྲ་ཐག་གོ་ལའི་ཁྱོན་ལ་འབྲེལ།། གློག་རྡུལ་འཕྲུལ་གྱི་སྒྲ་མཛོད་ཁང་ནས་རིག་མཛོད་སྒོ་མོ་འབྱེད་སླ་བས།། ཤོག་དེབ་ཀློག་པའི་ལོ་རྒྱུས་རིང་མོ་དེ་རིང་འདི་ནས་མཇུག་བསྡུས་སམ།། འཇམ་དབྱངས་ནོར་བུ་ནས།

 གངས་རིའི་ལ་རྒྱ་དགུང་དུ་འདེགས་པའི་རྣམ་དཔྱོད་ཅན་གྱི་རབ་བྱུང་བ།།བརྙེད་དང་བཀུར་སྟུ་རིང་དུ་སྤངས་བའི་གྲྭ་རྐྱང་དག་གི་མཁས་པའི་གླིང་། །སུ་དང་གང་གིས་འགྲན་པར་མི་ནུས་དཔྱད་བསྡུར་རིག་པའི་གར་དུ་རྩེན།།ཆོས་ཚན་ཟུང་གི་གླེང་སྟེགས་འདི་ནས་ཤེས་བྱ་སྣ་མང་ཆར་དུ་བསྙིལ།། དགེ་ལེགས་ཤེས་ནས།

 
Make a Free Website with Yola.